Home > གནས་ཚུལ་གསར་སྟོན། > གནས་ཚུལ་གསར་བཏོན།

གནས་ཚུལ་གསར་བཏོན།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ མི་མང་ཡོངས་ལུ་ཞུ་དོན་དེ་ཡང་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཆོས་རྒྱུགས་འདི་ རྒྱལ་ཁབ་མཐའ་དབུས་མེད་པར་ ཆོས་རྒྱུགས་ས་ཁོངས་ ༡༥༢ ནང་ལུ་ སྤྱི་ལོ་༢༠༢༡ ཟླ ༡༠ པའི་ཚེས་ ༡ ལུ་འགོ་འདྲེན་འཐབ་སྟེ་ཡོད། དུས་ཅི་ཡང་ ཧེ་མ་བཟུམ་སྦེ་ར་ མི་སེར་ཚུ་གིས་ ས་གནས་གཞུང་གི་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བྱིན་ནིའི་དོན་ལས་ ཆོས་རྒྱུགས་ཕུལ་སའི་ས་ཁོངས་ཚུ་ རྒེད་འོག་གི་གནས་ཚད་ཚུན་ གཞི་བཙུགས་འབད་དེ་ཡོདཔ་ཨིན། ཆོས་རྒྱུགས་ཀྱི་དོན་ལས་ ཐོ་བཀོད་འབད་ནིའི་ཚེས་གྲངས་མཇུག་ དེ་ཡང་ སྤྱི་ལོ་ ༢༠༢༡ ཟླ་ ༠༩ པའི་ཚེས་ ༢༠ ཚུན་ལུ་ མི་ངོམ་ ༣,༦༣༧ གྱིས་ ཐོ་བཀོད་འབད་དེ་འདུག

སྤྱི་ལོ་ ༢༠༢༡ ཟླ་ ༡༠ པའི་ཚེས་ ༡ ལུ་ ཁྱད་ཚད་ལྡན་པའི་མི་ངོམ་ ༢,༡༩༥ གིས་ ཆོས་རྒྱུགས་ཕུལ་བ་འོང་ཡོད་མི་ལས་ ༡,༨༢༣ འདི་ཕོ་རྒས་དང་ ༣༧༢ འདི་ཨམ་སྲུ་ཚུ་ཨིན་མས།

དེ་ལས་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་པའི་ ས་གནས་གཞུང་གི་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ལུ་ དང་འདོད་ཅན་གྱི་ ཕོ་རྒས་ ༣ དང་ཨམ་སྲུ་ ༢ བསྡོམས་ཏེ་ དབང་པོ་ལུ་སྐྱོན་ཞུགས་ཡོད་མི་ མི་ངོམ་ ༥ གིས་ཡང་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ ཆོས་རྒྱུགས་ཕུལ་བར་འོང་མི་འདི་ ད་ཚུན་ འགོ་དང་པ་ཨིན།

འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཀྱི་ཉིནམ་ལུ་ ལྷན་ཚོགས་ཀྱིས་ཁ་ཐུག་ལས་ ཆོས་རྒྱུགས་ཕུལ་ནི་ལུ་ ལྷན་ཐབས་འབད་དགོ་པའི་ ཐབས་མེད་པའི་བྱ་སྟབས་མ་བདེཝ་ཚུ་ཡང་ དུམ་དྲག་རེ་འཐོན་ཡི། ཨིན་རུང་ ལྷན་ཚོགས་ཀྱིས་ཁ་ཐུག་ལས་ ཚོགས་རྒྱུན་སྐྱུར་མིའི་ངོས་འཛིན་འདྲ་པར་ ཡང་ན་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཚུ་ ཆོས་རྒྱུགས་ཕུལ་མི་ཚུ་གིས་ ངེས་པར་དུ་དགོཔ་སྦེ་ གོ་བརྡ་ཚུ་སྤེལ་ཡོདཔ་ལས་ འབག་མ་འོང་ཚུ་ ཆོས་རྒྱུགས་ཕུལ་ནི་ལས་ བཀག་ཆ་འབད་དགོ་པའི་གནས་སྟངས་ཡང་འབྱུང་ཡི།
འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཆོས་རྒྱུགས་འདི་ དབྱེ་ཁག་གཉིས་སྦེ་ འགོ་འདྲེན་འཐབ་སྟེ་ཡོད། བྲིས་རྒྱུགས་འདི་ དྲོ་པ་འགོ་འདྲེན་འཐབ་ཞིནམ་ལས་ ངག་རྒྱུགས་འདི་ ཀོ་ཝིཊ་ ༡༩ གི་གསོ་བའི་ཉེན་སྲུང་གི་སྒྲིག་གཞི་ཚུ་དང་འཁྲིལ་ འཕྲོ་མཐུད་དེ་འགོ་འདྲེན་འཐབ་སྟེ་ཡོད།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འདི་ འགོ་འདྲེན་འཐབ་ནི་ལུ་ ལྟ་རྟོག་པ་སྦེ་ ཕྱག་འགན་བཞེས་གནང་མི་ སློབ་གྲྭ་ཁག་གི་སློབ་དཔོན་ཚུ་དང་ བཅའ་སྒྲིག་རྐྱབ་གནང་མི་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་བརྩིས་ཏེ་ འབྲེལ་ཡོད་ག་ར་ལུ་ བཀའ་དྲིན་དགའ་ཚོར་ཕུལ་ནི་ཨིན།

Print Friendly, PDF & Email