Home > གནས་ཚུལ་གསར་སྟོན། > མོང་སྒར་རྫོང་ཁག་གི་ མོང་སྒར་འདེམས་ཁོངས་དང་ པདྨ་དགའ་ཚལ་རྫོང་ཁག་གི་ ངང་ལམ་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་མིན་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས།

མོང་སྒར་རྫོང་ཁག་གི་ མོང་སྒར་འདེམས་ཁོངས་དང་ པདྨ་དགའ་ཚལ་རྫོང་ཁག་གི་ ངང་ལམ་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་མིན་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༤༣ དང་ ༤༤༧ པ་དང་འཁྲིལ་ མོང་སྒར་རྫོང་ཁག་གི་ མོང་སྒར་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ ཀརྨ་ལྷ་མོ་དང་ པདྨ་དགའ་ཚལ་རྫོང་ཁག་ངང་ལམ་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་རྡོེ་གཉིས་ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ཀྱི་འཐུས་མི་སྦེ་ སྤྱི་ཚེས་༢༩-༠༦-༢༠༢༡ ལུ་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུ་གྲུབ་ཡོད་པའི་སྐོར་ མི་མང་ལུ་བརྡ་འཕྲིན་སྤེལཝ་ཨིན།

ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་དང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཚུའི་ ཁ་གསལ་ཚུ་ གཤམ་གསལ་ལྟར་དུ་ཨིན།

༡༽ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་བསྡོམས། ༡༨,༥༠༠ ༼༨,༨༢༨ ཕོ་དང་ ༩,༦༧༢ མོ༽
༢༽ ཚོགས་རྒྱན་སྐྱུར་ཡོད་པའི་བསྡོམས། ༡༡,༤༢༠ ༼༥,༡༥༤ ཕོ་དང་ ༦,༢༦༦ མོ༽

ཀ༽ ཚོགས་རྒྱན་འཕྲུལ་ཆས་ཐོག ༥,༥༥༨ ༼ ༢,༣༥༢ ཕོ་དང་ ༣,༢༠༦ མོ༽

༡༽ ཚོགས་རྒྱན་འཕྲུལ་ཆས་ཐོག་ཚོགས་རྒྱན་ས་ཁོངས་ནང་། ༥,༠༥༩ ༼༢,༡༤༧ ཕོ་དང་ ༢,༩༡༢ མོ༽
༢༽ ཚོགས་རྒྱན་འཕྲུལ་ཆས་ཐོག་འགྲུལ་སྐྱོད་ཚོགས་རྒྱན་ས་ཁོངས་ནང་། ༤༩༩ ༼༢༠༥ ཕོ་དང་ ༢༩༤མོ༽

ཁ༽ འགྲེམ་ཐོག་རྒྱན་ཤོག ༥,༨༦༢ ༼ ༢,༨༩༧ ཕོ་དང་ ༢,༩༦༥ མོ༽

༡༽ འགྲེམ་ཐོག་རྒྱན་ཤོག ༥,༠༩༤ ༼ ༢,༥༥༤ ཕོ་དང་ ༢,༥༤༠ མོ༽
༢༽ འགྲུལ་སྐྱོད་ཚོགས་རྒྱན་ས་ཁོངས་རྒྱན་ཤོག་ལག་ལེན་ཐོག ༧༦༨ ༼ ༣༤༣ ཕོ་དང་ ༤༢༥ མོ༽

༣༽ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ། ༦༡.༧༣%

མཐའ་དཔྱད་ཀྱི་གྲུབ་འབྲས་ཚུའི་ཁ་གསལ་ཚུ་བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ https://results.ecb.bt/NABE2021 ལས་འཐོབ་ཚུགས།

མོང་སྒར་འདེམས་ཁོངས་ནང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ སྐྱེས་ལོ་ ༦༥ ཡན་ཆད་འབད་མི་དང་ དབང་པོ་སྐྱོན་ཅན་ཚུ་ལུ་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་ཐོག་ལས་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༦ པའི་ཚེས་ ༢༢ དང་༢༣ ལུ་འགྲུལ་སྐྱོད་ཚོགས་རྒྱན་ས་ཁོངས་ཐོག་ལས་ ལྷན་ཐབས་འབད་དེ་ཡོད། ངང་ལམ་འདེམས་ཁོངས་ནང་འབད་བ་ཅིན་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་སྐྱེས་ལོ་ ༦༥ ཡན་ཆད་འབད་མི་དང་ ཚོགས་རྒྱན་སྐྱུར་མི་དབང་པོ་སྐྱོན་ཅན་ཚུ་ དེ་ལས་ ཚོགས་རྒྱན་སྐྱུར་མི་ ༡༠༠ ལས་ཉུང་བའི་ཚོགས་རྒྱན་ས་ཁོངས་དང་ ངང་ལམ་ཁྲོམ་དང་འདིའི་མཐའ་འཁོར་ལུ་ཡོད་པའི་ ཚོགས་རྒྱན་སྐྱུར་མི་ཚུའི་དོན་ལུ་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༦ པའི་ཚེས་ ༢༤ ལས་༢༧ ཚུན་འགྲུལ་སྐྱོད་ཚོགས་རྒྱན་ས་ཁོངས་ཐོག་ལས་ ལྷན་ཐབས་འབད་དེ་ཡོདཔ་ཨིན།

དུས་མིན་བཙག་འཐུ་འདི་ནང་ དོ་འགྲན་འབད་མི་ འདེམས་ངོ་བཞི་ཆ་རང་གིས་ གྲུབ་འབྲས་གསལ་བསྒྲགས་འབད་བའི་ཉིན་གྲངས་སུམ་ཅུའི་ནང་འཁོད་ འདི་ཡང་ སྤྱི་ཚེས་༣༠-༠༧-༢༠༢༡ གི་ཕྱི་རུའི་ཆུ་ཚོད་༥ ལས་མ་ཕྱི་བར་ མི་དམངས་བཙག་འཐུའི་མ་དངུལ་འབྲི་ཤོག་ཨང་ ༩ ཀ༼ཇི་ཨི༽ པའི་ཐོག་ མོང་སྒར་དང་པདྨ་དགའ་ཚལ་རྫོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ ཐད་ཀར་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བའི་ མི་དམངས་བཙག་འཐུའི་མ་དངུལ་སྡེ་ཚན་ལུ་ བཙག་འཐུའི་ཟད་གྲོན་སྙན་ཞུ་ཚུ་ ཕུལ་དགོཔ་དང་།
མི་དམངས་དང་ འབྲེལ་ཡོད་ཚུ་གིས་ དུས་མིན་བཙག་འཐུ་འདིའི་དོན་ལས་ བཙག་འཐུའི་བཤེར་ཡིག་བཙུགས་ནིའི་དུས་ཚོད་འདི་ ངལ་གསོ་ཚུ་མ་བརྩི་བའི་ ཉིན་གྲངས་བཅུ་ཐམ་གྱི་དུས་ཡུན་འདི་ ད་རེས་ལས་འགོ་བཙུགས་ སྤྱི་ཚེས་ ༡༣-༠༧-༢༠༢༡ ཕྱི་རུ་ཆུ་ཚོད་ ༥ ལུ་མཇུག་བསྡུ་ནི་ཨིན།

ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ཕྱོགས་ཁག་ལས་ཕར་ ནད་ཡམས་ཀོ་བིཌ་ ༡༩ འི་ གནས་སྟངས་དང་མི་སྡེའི་ནང་ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ གནས་སྟངས་འདི་ལེགས་ཤོམ་མ་འགྱོ་ཚུན་ མི་དམངས་འཛོམས་ནི་དང་ རྟེན་འབྲེལ་བརྩི་སྲུང་ཞུ་ནི་ལས་ འཛེམ་གནང་དགོ་པའི་དྲན་སྐུལ་ཞུ་ནི།

རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་ ཟླ་༠༥ པའི་ཚེས་༢༡ ལུའམ་ སྤྱི་ལོ་༢༠༢༡ ཟླ་༠༦ པའི་ཚེས་༣༠ ལུ་སྤེལ།

Print Friendly, PDF & Email