Home > གནས་ཚུལ་གསར་སྟོན། > ཐིམ་ཕུག་ ཕུན་ཚོགས་གླིང་དང་དགེ་ལེགས་ཕུག་ རྫོང་ཁག་ཁྲོམ་སྡེ་གི་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས།

ཐིམ་ཕུག་ ཕུན་ཚོགས་གླིང་དང་དགེ་ལེགས་ཕུག་ རྫོང་ཁག་ཁྲོམ་སྡེ་གི་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༤༥༧ པ་དང་འཁྲིལ་ ཐིམ་ཕུག་ ཕུན་ཚོགས་གླིང་ དེ་ལས་དགེ་ལེགས་ཕུག་རྫོང་ཁག་ཁྲོམ་སྡེ་གསུམ་གི་ནང་ སྤྱི་ཚེས་༢༨-༤-༢༠༢༡ ལུ་ འགོ་འདྲེན་འཐབ་ཡོད་པའི་ ཁྲོམ་སྡེ་བཙག་འཐུའི་གྲུབ་འབྲས་ཚུ་ གསལ་བསྒྲགས་འབདཝ་ཨིན།

བཙག་འཐུའི་ནང་ དོ་འགྲན་འབད་མི་འདེམས་ངོ་བསྡོམས་ ༣༥ ༼ཕོ་ ༢༦ དང་མོ་ ༩༽ ལས་འདེམས་ངོ་བསྡོམས་ ༢༠ ༼ཕོ་ ༡༦ དང་མོ་༤༽ བཙག་འཐུ་ལས་གྲུབ་སྟེ་ཡོད།

ཁྲོམ་སྡེ་ཚོགས་སྡེ་གསུམ་གྱི་ནང་ བཙག་འཐུ་གྲུབ་པའི་འདེམས་ངོའི་ཁ་གསལ་ཚུ་ གཤམ་གསལ་ལྟར་དུ་ཨིན།

ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་དང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཚུའི་ ཁ་གསལ་ཚུ་ གཤམ་གསལ་ལྟར་དུ་ཨིན།

ཀ༽ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་བསྡོམས། ༡༠,༥༦༤ ༼༤༩༦༨ ཕོ་དང་ ༥༥༩༦ མོ༽
ཁ༽ ཚོགས་རྒྱན་སྐྱུར་ཡོད་པའི་བསྡོམས། ༦༢༨༡ ༼༢༩༠༢ ཕོ་དང་ ༣༣༧༩ མོ༽

༡༽ ཚོགས་རྒྱན་འཕྲུལ་ཆས་ཐོག ༤༤༢༨ ༼༡༩༨༥ ཕོ་དང་ ༢༤༤༣ མོ ༽
༢༽ འགྲེམ་ཐོག་རྒྱན་ཤོག་ཐོག ༡༨༥༣ ༼༩༡༧ ཕོ་དང་ ༩༣༦ མོ ༽

ག༽ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ། ༥༩.༤༦ %

ཐིམ་ཕུག་ཁྲོམ་སྡེ་ནང་ མུ་ཏིག་ཐང་འདེམས་ཁོངས་དང་ དགེ་ལེགས་ཕུག་ཁྲོམ་སྡེ་ནང་ བཀྲིས་གླིང་འདེམས་ཁོངས་གཉིས་ལས་ དང་འདོད་ཅན་གྱི་འདེམས་ངོ་རེ་གིས་ གདམ་ངོའི་ཞུ་ཡིག་ཚུ་ཕུལ་ཡོད་རུང་ ཁོང་གཉིས་ཆ་རང་ སྲིད་དོན་ཚོགས་པའི་འཐུས་མི་ཨིནམ་སྦེ་ ངོས་འཛིན་འབྱུངམ་ལས་བརྟེན་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ངོས་ལེན་མ་འབད་བར་ཡོདཔ་ཨིན། དེ་འབདཝ་ལས་ འདེམས་ཁོངས་གཉིས་ཀྱི་ནང་ ཁྲོམ་སྡེ་ཚོགས་པ་ཚུ་ ས་སྟོང་འབད་རང་ལུད་ནི་ཨིནམ་ད་ དེ་ཡང་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ དང་འདོད་ཅན་གྱི་འདེམས་ངོ་ ཁོ་/མོ་གང་རུང་ཅིག་ སྲིད་དོན་ཚོགས་པའི་འཐུས་མི་ཨིན་པ་ཅིན་ ས་གནས་གཞུང་གི་བཙག་འཐུའི་ནང་ བཅའ་མར་གཏོགས་མ་ཆོག་མི་ལུ་བརྟེན་ཨིན།

 

མཐའ་དཔྱད་ཀྱི་གྲུབ་འབྲས་ཚུ་བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་https://results.ecb.bt/thromde2021 ལས་འཐོབ་ཚུགས།

ནད་ཡམས་ཀོ་བིཌ་ ༡༩ འི་ཉེན་ཁ་དང་ འགྲོ་འགྲུལ་བཀག་དམ་གྱི་གནས་སྟངས་ལུ་བརྟེན་ ཕུན་ཚོགས་གླིང་ཁྲོམ་སྡེའི་བཙག་འཐུ་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༠༤ པའི་སྤྱི་ཚེས་ ༢༤ དང་༢༥ ལུ་ ཁྲོམ་སྡེ་ནང་འཁོད་དང་ཕྱི་ཁ་ཡོད་མི་ག་ར་ལུ་ འགྲུལ་བསྐྱོད་ཚོགས་རྒྱན་ས་ཁོངས་ཐོག་ལས་ ལྷན་ཐབས་འབད་དེ་ཡོད།

བརྡ་འཕྲིན་འདི་སྤེལ་བའི་ཤུལ་ལུ་ ཁྲོམ་སྡེ་ཚོགས་སྡེ་ཚུ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༤༥༨ དང་འཁྲིལ་ ཚུལ་མཐུན་གཞི་བཙུགས་གྲུབ་ཡོདཔ་སྦེ་ ཆ་འཇོག་གྲུབ་ཨིན།

དེ་ལས་ མི་མང་དང་འབྲེལ་ཡོད་ཡོངས་ཀྱིས་ ཐུགས་ཁར་བསྣམ་དགོཔ་དེ་ བཙག་འཐུའི་བཤེར་ཡིག་ཕུལ་ནིའི་དུས་ཡུན་ཉིན་གྲངས་ ༡༠ འདི་ གཞུང་གི་ངལ་གསོ་མ་བརྩི་བར་ ད་རེས་ལས་འགོ་བཙུགས་ སྤྱི་ཚེས་༡༢-༠༥-༢༠༢༡ ཕྱི་རུ་ཆུ་ཚོད་ ༥ ལུ་མཇུག་བསྡུ་ནི་ཨིན།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ སྤྱི་ལོ་༢༠༢༡ ཁྲོམ་སྡེའི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ བཙག་འཐུ་གྲུབ་པའི་འདེམས་ངོ་ག་ར་ལུ་ བཀྲིས་ལེགས་སྨོན་ཕུལ་ནི་ཨིན།
ཨིན་རུང་ ད་རེས་ནངས་པ་ ནད་ཡམས་ཀོ་བིཌ་ ༡༩ འདི་ ལུང་ཕྱོགས་ཁག་ལས་ཕར་ གནས་སྟངས་ཚབས་ཆེན་འགྱོ་དོ་ཡོདཔ་དང་ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ གནས་སྟངས་འདི་ལེགས་ཤོམ་མ་འགྱོ་ཚུན་ མི་མང་འཛོམས་ནི་དང་ རྟེན་འབྲེལ་བརྩི་སྲུང་འབད་ནི་ལས་ འཛེམ་གནང་དགོ་པའི་དྲན་སྐུལ་ཞུ་ནི།

རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་རང་ ༠༣ པའི་ཚེས་ ༡༨ ལུའམ་ སྤྱི་ཚེས་ ༢༩-༠༤-༢༠༢༡ ལུ་སྤེལ།

Print Friendly, PDF & Email