Home > གནས་ཚུལ་གསར་སྟོན། > བཀྲིས་གཡང་རྩེ་རྫོང་ཁག་ ཁམས་དྭངས་_རམ་སྦྱར་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་མིན་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས།

བཀྲིས་གཡང་རྩེ་རྫོང་ཁག་ ཁམས་དྭངས་_རམ་སྦྱར་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་མིན་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༤༤༣ པ་དང་ ༤༤༧ ཅན་མ་དང་འཁྲིལ་ བཀྲིས་གཡང་རྩེ་རྫོང་ཁག་ ཁམས་དྭངས་_རམ་སྦྱར་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་རྒྱལ་མཚན་ འདི་ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ཀྱི་འཐུས་མི་སྦེ་ སྤྱི་ཚེས་ ༠༣-༠༢-༢༠༢༢ ལུ་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུ་གྲུབ་ཡོད་པའི་སྐོར་ལས་ མི་མང་ལུ་བརྡ་འཕྲིན་སྤེལཝ་ཨིན།

ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་དང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མིའི་ཁ་གསལ་ཚུ་ གཤམ་གསལ་ལྟར་དུ་ཨིན།

༡༽ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་བསྡོམས། ༡༠༠༧༥ ༼ཕོ་ ༤༨༢༨ དང་མོ་ ༥༢༤༧༽

༢༽ ཚོགས་རྒྱན་སྐྱུར་ཡོད་པའི་བསྡོམས། ༥༢༦༡ ༼ཕོ་ ༢༤༤༦ དང་མོ་ ༢༨༡༥༽

ཀ༽ ཚོགས་རྒྱན་འཕྲུལ་ཆས་ཐོག ༢༣༧༤ ༼ཕོ་ ༡༠༨༤ དང་མོ་ ༡༢༩༠༽

ཁ༽  འགྲུལ་སྐྱོད་ཚོགས་རྒྱན་ས་ཁོངས། ༩༠ ༼ཕོ་ ༣༡ དང་མོ་ ༥༩༽

ག༽ འགྲེམ་ཐོག་རྒྱན་ཤོག་ཐོག ༢༨༠༥ ༼ཕོ་ ༡༣༣༥ དང་མོ་ ༡༤༧༠༽

༣༽ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ། ༥༢.༢༡%

མཐའ་དཔྱད་ཀྱི་གྲུབ་འབྲས་ཁ་གསལ་ཚུ་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ https://results.ecb.bt/public/khamdang_ramjar ལས་འཐོབ་ཚུགས།

ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ སྐྱེས་ལོ་ ༦༥ ཡན་ཆད་འབད་མི་དང་ དབང་པོ་སྐྱོན་ཅན་ཚུ་ལུ་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་ཐོག་ལས་ སྤྱི་ལོ་ ༢༠༢༢ ཟླ་ ༠༡ པའི་ཚེས་ ༢༦ ལས་ ༢༨ ཚུན་ ལྷན་ཐབས་འབད་དེ་ཡོདཔ་དང་ དེ་བཟུམ་སྦེ་ ནད་ཡམས་ཀྱི་ཉེན་ཁ་ལུ་བརྟེན་ རྫོང་ཁག་གཞན་ནང་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་ཡང་ འགྲུལ་སྐྱོད་ཚོགས་རྒྱན་ས་ཁོངས་ཐོག་ལས་ ལྷན་ཐབས་འབད་དེ་ཡོད།

དུས་མིན་བཙག་འཐུ་འདི་ནང་ དོ་འགྲན་འབད་མི་འདེམས་ངོ་གཉིས་ཆ་ར་གིས་ གྲུབ་འབྲས་གསལ་བསྒྲགས་འབད་ཚར་བའི་ ཉིན་གྲངས་སུམ་ཅུའི་ནང་འཁོད་ འདི་ཡང་ སྤྱི་ཚེས་ ༠༥-༠༣-༢༠༢༢ གི་ ཕྱི་རུའི་ཆུ་ཚོད་ ༥ ལས་མ་ཕྱི་བར་ མི་དམངས་བཙག་འཐུའི་མ་དངུལ་འབྲི་ཤོག་ཨང་ ༩ཀ ༼ཇི་ཨི༽ པའི་ཐོག་ བཀྲིས་གཡང་རྩེ་རྫོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ ཐད་ཀར་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བའི་ མི་དམངས་བཙག་འཐུའི་མ་དངུལ་སྡེ་ཚན་ལུ་ བཙག་འཐུའི་ཟད་གྲོན་སྙན་ཞུ་ཚུ་ ཕུལ་དགོཔ་དང་།

མི་དམངས་དང་འབྲེལ་ཡོད་ཚུ་གིས་ དུས་མིན་བཙག་འཐུ་འདིའི་དོན་ལས་ བཙག་འཐུའི་བཤེར་ཡིག་ཕུལ་ནིའི་དུས་ཡུན་གཞུང་གི་ངལ་གསོ་མ་བརྩི་བའི་ ཉིན་གྲངས་བཅུ་ཐམ་འདི་ ད་རེས་ལས་འགོ་བཙུགས་ སྤྱི་ཚེས་ ༡༧-༠༢-༢༠༢༢ ཕྱི་རུ་ཆུ་ཚོད་ ༥ ལུ་མཇུག་བསྡུ་ནི་ཨིན།

ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ཕྱོགས་ཁ་ལས་ཕར་ ནད་ཡམས་ཀོ་ཝིཊ་ ༡༩ འི་ གནས་སྟངས་དང་མི་སྡེའི་ནང་ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ མི་དམངས་འཛོམས་ནི་དང་ རྟེན་འབྲེལ་བརྩི་སྲུང་ཞུ་ནི་ལས་ འཛེམ་གནང་དགོ་པའི་དྲན་སྐུལ་ཞུ་ནི།

རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་ ཟླ་ ༡༢ པའི་ཚེས་ ༠༣ ལུའམ་ ༠༤-༠༢-༢༠༢༢ ལུ་སྤེལ།

Print Friendly, PDF & Email