Home > གནས་ཚུལ་གསར་སྟོན། > གནས་ཚུལ་གསར་སྟོན: རྩ་ཁྲིམས་ཆེན་མོའི་མངའ་འོག་གི་ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ།

གནས་ཚུལ་གསར་སྟོན: རྩ་ཁྲིམས་ཆེན་མོའི་མངའ་འོག་གི་ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ད་རེས་གནས་སྐབས་ཅིག་གི་རིང་ ཕར་འགྱང་འབད་དེ་ཡོད་པའི་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་འདི་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་ བཀའ་ཡིག་གི་དགོངས་དོན་ལུ་ གུས་བཏུད་དང་བཅས་པའི་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པའི་སྐོར་ མི་མང་ལུ་བརྡ་འཕྲིན་སྤེལཝ་ཨིན།

མངོན་མཐོ་ཁྲིམས་འདུན་ལས་གནང་བའི་ ཕན་རླབས་ཆེ་བའི་དབྱེ་བཤེར་བཅུད་དོན་ཁ་གསལ་དང་བཅསཔ་སྦེ་ བཀའ་རྒྱ་དོན་ཚན་༣ ལུ་དབྱེ་སྟེ་ཕེབས་ཡོད་མི་འདི་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡ པའི་རྩ་དོན་༡༡ པའི་ནང་ “མངོན་མཐོ་ཁྲིམས་འདུན་འདི་ རྩ་ཁྲིམས་ཆེན་མོ་འདིའི་གཞི་འཛིན་དང་ དེའི་དོན་འགྲེལ་མཐའ་གཅོད་ཀྱི་དབང་འཛིན་ཨིན།” ཟེར་འཁོད་ཡོད་མི་དང་ རྩ་ཚན་༢༡ པའི་རྩ་དོན་ ༡༠ པའི་ནང་ “མངོན་མཐོ་དང་ཆེ་མཐོ་ཁྲིམས་འདུན་གྱིས་ འབྲེལ་གནད་ཅིག་གི་སྐབས་དོན་ལུ་ འོས་འཚམས་ལྡན་པའི་གསལ་བསྒྲགས་ ཡང་ན་ བཀའ་རྒྱ་ བཀོད་ཁྱབ་ བཀའ་ཡིག་ཚུ་གནང་ཆོག།” ཟེར་འཁོད་ཡོད་མི་དང་འཁྲིལ་ བཀའ་ཡིག་འདི་ལུ་ གུས་བཏུད་ཀྱི་སྒོ་ལས་ ཕྱག་ཕྱིད་ཞུཝ་ཨིན།

ད་རེས་ ས་གནས་གཞུང་གི་ གོ་རིམ་གཉིས་པའི་བཙག་འཐུ་འདི་ ཡུན་འགྱང་ལུས་དགོ་མི་འདི་ཡང་ ས་གནས་གཞུང་གི་གནས་ཡུན་སྐོར་དང་ རྫོང་ཁག་ཚོགས་འདུ་ཚུ་རྩིས་བའི་ ས་གནས་གཞུང་གི་ཁག་འགན་ལྡན་པའི་དམངས་གཙོ་དང་འབྲེལ་བའི་གཙུག་སྡེ་ཁག་ཚུ་གིས་ ག་ནི་བ་གནད་གལ་ཆེ་བའི་ ཐུགས་འཆར་ཚུ་བཀོད་དེ་ཡོད་མི་ཚུ་ལུ་གཞིར་བཞག་ཐོག་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཨི་སི་བི་/བརྡ་འཕྲིན་-༢༠༡༦/༤༢༤༡ སྤྱི་ཚེས་༤-༠༦-༢༠༡༦ ཅན་མའི་ཐོག་ གནས་སྐབས་ཅིག་གི་རིང་ ཕར་འགྱང་འབད་དེ་ཡོད་པའི་སྐོར་ མི་མང་ལུ་དམིགས་བསལ་གྱི་བརྡ་འཕྲིན་ཅིག་སྤེལ་དགོཔ་བྱུང་ཡི།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མངོན་མཐོ་ཁྲིམས་འདུན་གྱི་བཀའ་ཡིག་ནང་གི་ བཀའ་རྒྱ་དོན་ཚན་གསུམ་ལུ་  གུས་བཏུད་ཀྱི་སྒོ་ལས་ དང་ལེན་གྱི་ཕྱག་ཕྱིད་ཞུ་ནི་ཨིན་མི་ཚུ་ཡང་.

༡.    ཁྲིམས་དོན་མཁས་མཆོག་ལྷན་ཚོགས་ཀྱིས་བསྐྱར་ཞིབ་ཐོག་ བཀོད་ཁྱབ་ལོགས་སུ་མ་གནང་ཚུན་ རྫོང་ཁག་༡༦ གི་རྫོང་ཁག་ཁྲོམ་སྡེ་བཙག་འཐུ་དང་ རྫོང་ཁག་༢༠ གི་ཡན་ལག་ཁྲོམ་སྡེའི་བཙག་འཐུ་འགོ་འདྲེན་འཐབ་ནི་ཚུ་ ཕར་བགྱངས་འབད་དེ་བཞག་ནི་ཨིན།

༢.    ཐིམ་ཕུག་ཁྲོམ་སྡེ་ ཕུན་ཚོགས་གླིང་ཁྲོམ་སྡེ་ དགེ་ལེགས་ཕུག་ཁྲོམ་སྡེའི་བཙག་འཐུའི་སྐབས་ རྫོང་ཁག་ཚོགས་འདུའི་འཐུས་མི་གི་དོན་ལས་ བཙག་འཐུ་གྲུབ་ཡོད་པའི་མི་ངོམ་གསུམ་གྱི་གོ་གནས་འདི་ ཆ་མེད་གཏང་སྟེ་ དང་ལེན་གྱི་བརྡ་འཕྲིན་ཅིག་ མི་མང་ལུ་ལོགས་སུ་སྤེལ་ཏེ་ཡོད།

༣.    འདས་པའི་ས་གནས་གཞུང་ཚུ་གི་འཚོགས་ཞུགས་དང་པ་ སྤྱི་ཚེས་༢༨.༧.༢༠༡༡ ལས་བཟུང་ སྤྱི་ཚེས་༢༨.༧.༢༠༡༦ ཚུན་ གནས་ཡུན་ལོ་ངོ་ ༥ ཚང་ཡོདཔ་ལས་བརྟེན་ རྒེད་འོག་༢༠༥ གི་རྒེད་འོག་ཚོགས་སྡེ་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲོམ་སྡེའི་བཙག་འཐུ་ཚུ་ གང་མགྱོགས་འགོ་འདྲེན་འཐབ་ནི་དོན་ལུ་ ད་རེས་བཙག་འཐུའི་བརྡ་འཕྲིན་སྤེལཝ་ཨིན།

མི་མང་ཡོངས་ཀྱི་བརྡ་དོན་ལུ་ཞུ་ནི་འདི་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པ་༢༠༡༦ འགོ་འདྲེན་འཐབ་ནི་དོན་ལུ་ ཐབས་ལམ་གྲ་སྒྲིག་གི་ལཱ་ཚུ་ བཅུད་དོན་ཐོག་ལས་ཞུ་དོན་འདི་ཡང་.

བཙག་འཐུའི་སྐབས་ འབྲེལ་ཡོད་འདེམས་ཁོངས་ཚུ་ནང་ ཚོགས་རྒྱན་སྐྱུར་མི་ཚུ་ བཙག་འཐུའི་ཐོ་ཡིག་ནང་ལས་ འཛག་ལུས་མི་ཤོར་ནིའི་ཐབས་ལུ་ རྫོང་ཁག་བཙག་འཐུའི་ཡིག་ཚང་ཁག་ཚུ་གིས་ སྤྱི་འོག་ཚུ་ནང་རྐང་བཙུགས་འགྱོ་སྟེ་ ཚོགས་རྒྱན་སྐྱུར་མི་ཐོ་ཡིག་འདི་ལུ་ བདེན་དཔྱད་ལན་ཐེངས་གཉིས་ཀྱི་རིང་ལུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ བཙག་འཐུའི་ཐོ་ཡིག་འདི་ལུ་ མི་མང་བརྟག་ཞིབ་དོན་ལས་ ཐོབ་བརྗོད་དང་འགག་ཆ་བཀོད་ཐབས་ལུ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་ཚུ་ མི་མང་ལུ་བཀྲམ་སྤེལ་འབད་ཡི།

ས་གནས་གཞུང་གི་བཙག་འཐུའི་གྲ་སྒྲིག་གི་དོན་ལུ་ རྫོང་ཁག་ དྲུང་ཁག་ དེ་ལས་ རྒེད་འོག་བདག་སྐྱོང་གི་ལས་བྱེདཔ་གོངམ་ཚུ་ལུ་ རང་སོའི་འབྲེལ་ཡོད་ཁྱབ་དབང་ནང་ལུ་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ གོ་བརྡའི་ཤེས་ཡོན་སྤེལ་ཐབས་ཀྱི་སྦྱོང་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་ཤུལ་ལུ་ འདི་ཚུ་གིས་ སྤྱི་འོག་གི་གནས་ཚད་ལུ་སོང་སྟེ་ མི་མང་གོ་བརྡའི་ཤེས་ཡོན་ལས་རིམ་ གོ་རིམ་གཉིས་ལུ་འགོ་འདྲེན་འཐབ་ཡོད་མི་འདི་ཡང་ གོ་རིམ་དང་པའི་སྐབས་ ས་གནས་གཞུང་གི་བཙག་འཐུའི་སྤྱིར་བཏང་གནད་དོན་ཚུ་གི་སྐོར་ལས་དང་  གོ་རིམ་གཉིས་པའི་སྐབས་ ས་གནས་གཞུང་གི་བཙག་འཐུའི་ དམིགས་བསལ་གྱི་གནད་དོན་ཚུ་གི་ཐོག་ལུ་ གོ་བརྡ་སྤེལ་ཡི།

ཁྱད་ཚད་ལྡན་པའི་འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་གི་དོན་ལས་ རང་སོའི་ལས་སྡེ་བརྒྱུད་དེ་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་བཀོད་འབད་དགོཔ་ལུ་ གོ་བརྡའི་ལམ་སྟོན་ཚུ་སྤེལ་ཏེ་ཡོདཔ་ལས་ བཙག་འཐུའི་བརྡ་འཕྲིན་ནང་བཀོད་དེ་ཡོད་པའི་ ལས་འཆར་ཚུ་དང་འཁྲིལ་ཏེ་ རང་སོའི་འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་ལུ་ འགྲེམ་ཐོག་རྒྱན་ཤོག་གི་ཞུ་བ་ཚུ་འབད་དེ་ འདི་གི་ལག་ལེན་ཚུ་ བཙག་འཐུའི་ཁྲིམས་ལུགས་དང་འཁྲིལ་ཏེ་ འཐབ་གནང་ཟེར་བའི་དྲན་གསོ་ཞུཝ་ཨིན།

ས་གནས་གཞུང་གི་བཙག་འཐུའི་ནང་ལུ་ དོ་འགྲན་འབད་ནི་དམིགས་གཏད་ཡོད་མི་འདེམས་ངོ་ཚུ་ལུ་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཀྱི་ལག་ཁྱེར་འདི་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ས་གནས་གཞུང་གི་བཙག་འཐུའི་དོན་ལུ་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འདི་ ལན་ཐེངས་གསུམ་འགོ་འདྲེན་འཐབ་ཅི།

བཙག་འཐུའི་སྐབས་ བཙག་འཐུ་དང་འབྲེལ་བའི་རྩོད་རྙོགས་ཚུ་འབྱུང་བའི་སྐབས་ རྩོད་རྙོགས་སེལ་ཐབས་ཀྱི་བྱ་སྒོའི་རིམ་པ་ཚུ་དང་ ཐབས་ལམ་ཚུ་གི་ཐོག་ལུ་ དྲང་ཁྲིམས་ལྷན་སྡེ་ལས་ ཁྲིམས་ཀྱི་མཁས་མཆོག་ཚུ་ མགྲོན་བརྡ་འབད་དེ་ དམིགས་བསལ་གྱི་སྦྱོང་བརྡར་ཚུ་ཡང་ འགོ་འདྲེན་འཐབ་ཅི།

བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ སྤྱི་གཡོགཔ་ཚུ་གིས་ ཞབས་ཏོག་དགོཔ་འདི་ ག་ནི་བ་ཁག་ཆེཝ་ལས་ འདི་གི་དོན་ལུ་ དགོས་མཁོ་དང་འཁྲིལ་ཏེ་ ངོས་ལེན་འགོ་དཔོན་དང་ རྒྱལ་ཡོངས་ལྟ་རྟོག་པའི་འགན་ཁུར་འབག་མི་ཚུ་ལུ་ སྦྱོང་བརྡར་ཚུ་གོ་རིམ་ཁག་༣ ལུ་དབྱེ་སྟེ་ བྱིན་ཡོདཔ་ལས་ འདི་ཚུ་གིས་ བཙག་འཐུའི་སྐབས་ ལྷན་ཚོགས་ཀྱི་བཀོད་ཁྱབ་འོག་ལུ་ འཐུས་ཤོར་མེད་པར་ ཕྱག་ཕྱིད་ཞུ་ཚུགས།

ས་གནས་གཞུང་གི་བཙག་འཐུའི་སྐབས་ གདམ་ངོ་བཏོན་ནིའི་བྱ་སྒོའི་རིམ་པ་ འཛོམས་འདུ་འདི་ བཙག་འཐུའི་བྱ་རིམ་ནང་ལུ་ ག་ནི་བ་ཁག་ཆེ་བའི་དུས་ཚོད་ཅིག་ཨིནམ་ལས་ ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ བཅའ་མར་གཏོགས་ཚུགསཔ་འབད་དགོཔ་མ་ཚད་ མི་མང་སྤྱི་སྙོམ་འཛོམས་འདུའི་བསྐུལ་བསྒྲགས་ལས་རིམ་ཚུ་ནང་ཡང་ ག་དེ་དྲག་དྲ་བཅའ་མར་གཏོགས་ཏེ་ བཙག་འཐུའི་གྲུབ་འབྲས་འཐོན་ཚར་བའི་ཤུལ་ལུ་ བློ་འགྱོད་མེདཔ་སྦེ་ མཛད་གནང་དགོཔ་ལུ་ ཡང་བསྐྱར་ཐུགས་ཀྱི་དྲན་གསོ་ཕུལ་དོ།

སྤྱི་ཚོགས་གཉིས་པའི་ནང་ལས་ ཆ་འཇོགས་གྲུབ་པའི་རྫོང་ཁག་༡༦ གི་རྫོང་ཁག་ཁྲོམ་སྡེ་ཚོགས་སྡེ་ཚོགས་པའི་འདེམས་ཁོངས་བགོ་བཀྲམ་དང་ བཅད་མཚམས་ཀྱི་མིང་ འདི་ཚུའི་ས་ཁྲ་ དེ་ལས་ འབྲེལ་ཡོད་འདེམས་ཁོངས་དེ་ནང་གི་ ཚོགས་རྒྱན་སྐྱུར་མི་ཚུའི་མི་རློབས་དང་སྦྲགས་ ཁྲིམས་ལུགས་ཀྱི་དགོངས་དོན་ཚུ་དང་འཁྲིལ་ འབྲེལ་ཡོད་ཚོགས་རྒྱན་སྐྱུར་མི་ཚུ་ལས་ བསམ་འཆར་ལེན་ཐབས་ལུ་ བཅད་མཚམས་འཆར་གཞི་ཟིན་བྲིས་ མི་མང་ལུ་སྤེལ་ཏེ་ མི་མང་སྙན་གསན་ཚུ་ཡང་ འགོ་འདྲེན་འཐབ་པའི་ཤུལ་ལུ་ མཐའ་བཅད་ཀྱི་བཅད་མཚམས་བཀའ་རྒྱ་ཚུ་ཡང་ མི་མང་ལུ་སྤེལ་ཡི།

མཇུག་རང་ དུས་ཅིག་གི་ལོ་འདི་ རྒྱལ་ཁབ་ནང་ རྟེན་འབྲེལ་གསུམ་ལྡན་གྱི་གུས་བཏུད་ཞུ་འཕྲོ་ཡོད་པའི་ དུས་ཚོད་འདི་ཁར་ ས་གནས་གཞུང་གི་བཙག་འཐུ་ གོ་རིམ་གཉིས་པ་འདི་ དུས་ཆེན་འདི་གསུམ་གྱི་རྗེས་དྲན་ཞུ་ཐབས་ལུ་ འབྲུག་མི་ཡོངས་ཀྱིས་ ལྷག་བསམ་རྣམ་དག་དང་ དགའ་སྤྲོའི་གུས་བཏུད་རྩིས་བཀུར་ཞུ་དོན་ལུ་ ཆ་མཉམ་གྱིས་རང་ ས་གནས་གཞུང་གི་བཙག་འཐུའི་རིམ་པ་འདི་ནང་ བཅའ་མར་གཏོགས་གནང་ཟེར་ཞུ་ནི་དང་ ས་གནས་གཞུང་གི་བཙག་འཐུ་འདི་ ག་ནི་བ་མཐར་འཁྱོལ་ཅན་ལུ་གྲུབ་ཚུགས་པའི་རེ་སྨོན་དང་གཅིག་ཁར་ ས་གནས་གཞུང་གི་གཙུག་སྡེ་ཚུ་ འཕྲོ་མཐུད་གཞི་བཙུགས་འབད་དེ་ འབྲུག་རྒྱལ་ཁབ་ཀྱི་མི་སེར་ཡོངས་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ཡིད་ཆེས་ཧྲིལ་བུའི་གུས་བཏུད་ཞུ་གེ་ཟེར་ཞུ་ནི་ཨིན།

 

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email