Home > བརྡ་འཕྲིན། > བརྡ་འཕྲིན: ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་བསྐུལ་བསྒྲགས་བཀག་སྡམ།

བརྡ་འཕྲིན: ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་བསྐུལ་བསྒྲགས་བཀག་སྡམ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ ཚོགས་རྒྱན་ཉིནམོ་མ་རན་པའི་སྔ་གོང་གི་ཆུ་ཚོད་༤༨ ནང་འཁོད་ བཙག་འཐུའི་ཁྲིམས་ལུགས་ཀྱི་མངའ་འོག་ “བསྐུལ་བསྒྲགས་འབད་མ་ཆོག་པའི་དུས་ཚོད་”ཨིན་པའི་ བརྡ་དོན་སྤེལཝ་ཨིན། བསྐུལ་བསྒྲགས་བཀག་སྡམ་གྱི་དུས་ཚོད་འདི་ རྒེད་འོག་༢༠༥ དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ དེ་ལས་ བུམ་ཐང་ དར་དཀར་ན་ ཧཱ་ ལྷུན་རྩེ་ སྤ་རོ་ སྤུངས་ཐངས་ཁ་ བསམ་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་ ཀྲོང་གསར་ རྩི་རང་ དབང་འདུས་ཕོ་བྲང་ གཞལ་སྒང་གི་རྫོང་ཁག་ཁྲོམ་སྡེ་༡༣ ནང་ སྤྱི་ཚེས་༢༥༢༠༡༦ གི་དྲོ་པའི་ཆུ་ཚོད་ ༩.༠༠ ལས་འགོ་བཙུགས་ ཚོགས་རྒྱན་གྱི་དུས་ཚོད་མཇུག་མ་བསྡུ་ཚུན་གྱི་རིང་ལུ་ཨིན།

དུས་ཡུན་འདི་གི་སྐབས་ལུ་ ག་གིས་རང་འབད་རུང་ བརྡ་བརྒྱུད་ཐོག་ འདེམས་ངོ་ག་འབད་རུང་ཅིག་ལུ་ རྒྱབ་སྐྱོར་ ཡང་ན་ རྒྱབ་འགལ་དང་འབྲེལ་བའི་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་གནས་སྟངས་ལུ་འགྱུར་བའི་གནད་དོན་གང་རུང་ཅིག་ པར་བསྐྲུན་འབད་ནི་ རྒྱང་བསྒྲགས་འབད་ནི་ ཁྱབ་སྤེལ་འབད་ནི་ཚུ་མི་ཆོག། དེ་གིས་མ་ཚད་ ལས་སྡེ་ག་གིས་རང་འབད་རུང་ འདེམས་ངོ་ཅིག་གི་ཁེ་ཕན་ ཡང་ན་ རྒྱབ་འགལ་ལུ་ཚོགས་རྒྱན་གྱི་ཁྱད་པར་ཞུགས་བཅུག་ནི་དང་འབྲེལ་བའི་ མི་མང་གི་ལས་དོན་གྲ་སྒྲིག་འབད་ནི་ འགོ་འདྲེན་འཐབ་ནི་ འགན་དབང་ལེན་ནི་ ཡང་ན་ ངོ་སྟོན་འབད་ནི་ གསར་སྟོན་འབད་ནི་ ཡང་ན་ བཙག་འཐུའི་ཁེ་ཕན་ལུ་འགྱུར་བའི་ མི་མང་ལས་དོན་གྱི་དུས་སྟོན་རྩིས་ནི་ ཡང་ན་ གྲོས་ཐག་ཆོད་ནི་ཚུ་མི་ཆོག། དེ་འབདཝ་ལས་ ངོ་རྐྱང་ ཡང་ན་ འདེམས་ངོ་ག་གིས་རང་འབད་རུང་ ཁྲིམས་འགལ་གྱི་བྱ་སྤྱོད་འཐབ་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་འབྲེལ་སྤྱོད་འཐབ་ནི་ཨིན།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཁ་ཐུགས་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ དྲན་ཚོར་འབད་ནི་དུས་ཚོད་དང་གོ་སྐབས་བྱིན་ཐབས་ལུ་ ཐུན་མོང་མ་ཡིན་པའི་དམིགས་གཏད་གྲུབ་ཚུགས་པའི་མཐའ་དོན་ལུ་དང་ རང་མོས་དང་རྣམ་དག་གིས་ཐོག་ལས་ རྒྱལ་ཁབ་ཀྱི་དམིགས་དོན་གྲུབ་ཐབས་ལུ་ ས་གནས་གཞུང་གི་བཙག་འཐུ་ལས་གྲུབ་པའི་འགོ་ཁྲིདཔ་ཚུ་ གདམ་ཁ་དྲག་ཤོས་རྐྱབ་ནི་གི་དོན་ལས་ བཀའ་རྒྱ་འདི་ལུ་གནས་ཚུགསཔ་སྦེ་ ག་ར་གིས་རང་ མཁྱེནམ་འབད་མཛད་དེ་མཉམ་འབྲེལ་ཧྲིལ་བུའི་ཐོག་ རྒྱབ་སྐྱོར་གནང་སྟེ་བཀྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན།

 

 

 

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email