རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ བཙག་འཐུ་དང་འབྲེལ་བའི་ཁྲིམས་ཚུ་དང་འཁྲིལ་ཏེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་འདི་ སྤྱི་ལོ་ ༢༠༡༨ ལུ་ འགོ་འདྲེན་འཐབ་ནི་ཨིནམ་འབད་ མི་དམང་ལུ་ སྙན་སྒྲོན་ཞུཝ་ཨིན།
བཙག་འཐུའི་གནས་ཡུན་སྐབས་ལུ་ བཙག་འཐུ་འདི་ བར་དཀྲོགས་ག་ནི་ཡང་མེད་པར་ རང་མོས་དང་རྣམ་དག་གི་ཐོག་ལས་འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ཆོས་འབྲེལ་གྱི་ལས་རིམ་ཡང་ན་ གཞན་མི་དམང་སྤུངས་འཛོམས་ཀྱི་ལས་རིམ་ཚུ་ འབད་ནི་ལས་འཛེམ་དགོཔ་ཨིནམ་ལས་ གཞུང་གི་ལས་སྡེ་དང་ རང་སྐྱོང་ལས་སྡེ་ ལས་འཛིན་ སྒེར་གྱི་ཡིག་ཚང་ ཆོས་སྡེ་དང་མི་དམང་ཡོངས་ལུ་ འདི་བཟུམ་མའི་ལས་རིམ་རེ་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་པ་ཅིན་ སྤྱི་ལོ་ ༢༠༡༨ ཀྱི་ སྤྱི་ཟླ་ ༢ པ་ལས་ ༥ པའི་བར་ན་དང་ སྤྱི་ཟླ་ ༨ པ་ལས་ ༡༠ པའི་བར་ན་ལུ་ མ་ཚུདཔ་འབད་ འགོ་འདྲེན་འཐབ་གནང་དགོཔ་འབད་ སྔ་གོང་ལས་ ཞུ་བ་འབདཝ་ཨིན།
ཐོ་བཀོད་གྲུབ་པའི་སྲིད་དོན་ཚོགས་པ་དང་ འདེམས་ངོ་འབད་ འཐོན་ནིའི་བློ་འདོད་ཡོད་མི་ཚུ་ལུ་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཁྲིམས་མཐུན་གྱི་ སྒྲ་སྒྲིག་གི་ལས་སྣ་ཚུ་འབད་ནིའི་དོན་ལུ་དང་ གོང་བཞིན་ དང་ལེན་འབད་དགོ་པའི་དྲན་བསྐུལ་འབདཝ་ཨིན།
འབྲུག་གི་བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ།