Home > གནས་ཚུལ་གསར་སྟོན། > རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ།

རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༡༥ ལུ་ རྫོང་ཁག་ ༢༠ འི་ནང་ལུ་ ཁག་འགན་ ༢༠༡༨ སྤྱི་ཚོགས་ཀྱི་བཙག་འཐུ་ ༣ པའི་ནང་ ཆ་མཉམ་གྱིས་གྲལ་གཏོགས་ཟེར་བའི་བརྗོད་དོན་ཐོག་ལུ་ རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་ཐེངས་ ༤ པ་ བརྩི་སྲུང་འབདཝ་ཨིན། རྒྱལ་ཡོངས་ཀྱི་བརྩི་སྲུང་འདི་ གསར་སྤང་རྫོང་ཁག་གི་ས་གནས་ དགེ་ལེགས་ཕུག་ལུ་འབད་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ རྫོང་ཁག་ཆ་མཉམ་དང་ རྒྱལ་ཁབ་ནང་ལུ་ཡོད་པའི་དམང་གཙོའི་སྡེ་ཕྲན་ ཆ་མཉམ་གྱིས་ ཉིནམ་འདི་བརྩི་སྲུང་འབདཝ་ཨིན།

 

ཉིནམ་བརྩི་སྲུང་གི་གཞི་རྟེན་དམིགས་ཡུལ་འདི་ འབྲུག་པའི་མི་སེར་ཚུ་གིས་ སེམས་ཤུགས་དང་བློ་སྤོབས་ཐེབས་ཐོབ་སྟེ་ དམང་གཙོའི་ལམ་ལུགས་ནང་ དོན་དང་ལྡནམ་སྦེ་ གྲལ་གཏོགས་འབད་ཐབས་ལུ་ཨིན། དུས་ཅི་གི་ལོ་འདི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༡༨ ཀྱི་སྤྱི་ཚོགས་ཀྱི་བཙག་འཐུ་ལུ་ དམིགས་གཏད་བསྐྱེདཔ་བཞིན་དུ་ ཉིནམ་བརྩི་སྲུང་གི་ལས་རིམ་འདི་གིས་ ང་བཅས་ལུ་ མ་འོངས་སྔོན་གཟིགས་ཅན་གྱི་ མི་དབང་རིམ་བྱོན་ཚུ་གི་ ཐུགས་ཀྱི་དགོངས་འཆར་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ རྒྱལ་ཁབ་ནང་ལུ་ ནུས་སྟོབས་ཅན་གྱི་དམང་གཙོའི་རིང་ལུགས་ གཞི་བཙུགས་འབད་ནིའི་དོན་ལུ་ ཡང་བསྐྱར་གྱི་ཁས་ལེན་ཕུལ་ནིའི་ གོ་སྐབས་བཟང་པོ་ཅིག་ཡང་ཨིན་མས་ཟེར་ཞུ་ནི་ཨིན།

 

ཉིནམ་བརྩི་སྲུང་གི་དོན་ལུ་ བརྩམས་ཏེ་ཡོད་པའི་ལས་རིམ་ཚུ་ཡང་།
༡- སྐྱེས་ལོ་ ༡༨ ལང་མི་ ཚོགས་རྒྱན་སྐྱུར་མི་གསརཔ་ཚུ་དང་ མི་རྩིས་གནས་སོར་འབད་མི་ཚུ་ལུ་ ངོས་འཛིན་འདྲ་
པར་ བསྐྱར་ལོག་སྤྲོད་ནི།
༢- ཚོགས་རྒྱན་སྐྱུར་མིའི་ལས་ལེན་འབད་ནི།
༣- ན་གཞོན་གྱི་གསལ་བཤད།
༤- ཐོ་བཀོད་གྲུབ་པའི་སྲིད་ཚོགས་ཚུ་གི་ ངོ་ཚབ་ཚུ་འདུ་འཛོམས་འབད་ནི།
༥- ཚོགས་རྒྱན་སྐྱུར་དགོཔ་གལ་ཆེ་བའི་བརྗོད་དོན་ཐོག་ལུ་ རིག་རྩལ་དང་ པར་རིགས་འགྲན་བསྡུར་ལས་རིམ། ཚུ་ཨིན།
རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་འདི་ དམང་གཙོའི་རིང་ལུགས་ནང་ ཚོགས་རྒྱན་སྐྱུར་ཏེ་ རང་སོའི་འགན་ཁུར་འབག་ནི་འདི་ གནམ་མེད་ས་མེད་གལ་ཅན་ཨིན་པའི་ དྲན་ཚོར་འབད་ནིའི་དོན་ལུ་ཨིནམ་མ་ཚད་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལཔ་ད་ མི་སེར་ཚུ་ལུ་ རང་སོའི་བསམ་འཆར་བཀོད་ནིའི་དལ་དབང་ ཡོད་པའི་དྲན་ཚོར་འབད་ཐབས་ལུ་ཡང་ཨིན། དེ་འབདཝ་ལས་ མནོ་ཤེས་དྲན་ཤེས་ཅན་གྱི་ འབྲུག་མི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྫོང་ཁག་ ༢༠ ག་ཏེ་རང་འབད་རུང་བྱོན་ཏེ་ རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་ བརྩི་སྲུང་ལས་རིམ་ནང་ ང་བཅས་དང་གཅིག་ཁར་ བཅའ་མར་གཏོགས་གནང་ཟེར་བའི་ མགྲོན་བརྡ་ཕུལཝ་ཨིན།

 

འབྲུག་གི་བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email