Home > Un > རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་ ཐེངས་ ༤ པ།
འབྲུག་གི་བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ཀྱི་གསུང་འཕྲིན།

རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་ ཐེངས་ ༤ པ།
འབྲུག་གི་བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ཀྱི་གསུང་འཕྲིན།

བརྩི་མཐོང་ལྡན་པའི་འབྲུག་གི་ཚོགས་རྒྱན་སྐྱུར་མི་ཡོངས་ལུ།

རྫོང་ཁག་ ༢༠ འི་ནང་ལུ་ རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་ ཐེངས་ ༤ པ་ བརྩི་སྲུང་ཞུ་བའི་ རྟེན་འབྲེལ་གྱི་ཉིནམ་འདི་ལུ་ ང་གིས་ འབྲུག་གི་ཚོགས་རྒྱན་སྐྱུར་མི་ཡོངས་ལུ་ མཆེད་བསྟོད་དང་ངལ་རངས་ཀྱི་ཐོག་ལས་ བཀྲ་ཤིས་བདེ་ལེགས་དང་བཅསཔ་འབད་ བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།

 

སྤྱི༌ལོ༌ ༢༠༡༦ གི༌ལོ༌ལུ༌ ས་གནས་གཞུང་གི་བཙག་འཐུ་ཐེངས་ ༢ པ་འདི་ མཐར་འཁྱོལ་ཅན་ཅིག་འབད་འགོ་འདྲེན་འཐབ་ཚར་སྟེ་ཡོདཔ་ཨིན། འདི་གི་སྐབས་ལུ་ ཧེ་མའི་བཙག་འཐུ་དང་ཕྱདཔ་ད་ བཅའ་མར་གཏོགས་མིའི་གྱངས་ཁ་ ཡར་སེང་འགྱོ་ཡོད་པའི་ནང་ལས་ཡང་ ཨམ་སྲུའི་འདེམས་ངོ་ལེ་ཤ་ཐོན་ཡོད་པའི་ཁར་ མང་ཧེ་རྫོགསཔ་ཅིག་ བཙག་འཐུ་ཡང་གྲུབ་སྟེ་ཡོདཔ་ཨིན། ས་གནས་གཞུང་གི་བཙག་འཐུའི་ནང་ འདེམས་ངོ་ ༣༤༡༧ གྱིས་ བཅའ་མར་གཏོགས་ཡོད་ས་ལས་ འདེམས་ངོ་ ༡༤༣༩ གིས་ ས་གནས་གཞུང་གི་ གོ་གནས་མ་འདྲཝ་ཚུ་གི་དོན་ལུ་ བཙག་འཐུ་གྲུབ་སྟེ་ཡོདཔ་ཨིན།

 

ད་རི་རྒྱལ་ཡོངས་ལུ་ རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་བརྩི་སྲུང་ཞུ་མི་དང་འབྲེལ་ཏེ་ སྤྱི་ལོ་ ༢༠༡༨ ཀྱི་སྤྱི་ཚོགས་ཀྱི་བཙག་འཐུ་འདི་ ང་བཅས་རའི་མ་འོངས་སྔོན་གཟིགས་ཅན་གྱི་ མངའ་བདག་ཡབ་མེས་ཚུ་གི་ཐུགས་ཀྱི་དགོངས་འཆར་དང་ རྒྱལ་ཡོངས་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་ཞིནམ་ལས་ རྒྱལ་ཁབ་ནང་ལུ་ ནུས་སྟོབས་ཅན་གྱི་ དམང་གཙོའི་རིང་ལུགས་གཞི་བཙུགས་འབད་ནི་ལུ་ གཙོ་རིམ་བཟུང་ནི་དང་ གུས་བཏུད་ཕུལ་ནིའི་གོ་སྐབས་བཟང་པོ་ཅིག་ཡང་ཨིན་ཟེར་ཞུ་ནི་ཨིན།

 

དེ་འབདཝ་ལས་ ཚོགས་རྒྱན་སྐྱུར་དགོཔ་གལ་ཆེ་མི་དང་ ང་བཅས་རའི་ཚོགས་རྒྱན་སྐྱུར་ནིའི་དལ་དབང་སྤྱོད་ནི་ལུ་ གཙོ་རིམ་བཟུང་ནིའི་དོན་ལུ་ ད་རི་གི་ཉིནམ་འདི་ ཁག་འགན་ ༢༠༡༨། སྤྱི་ཚོགས་ཀྱི་བཙག་འཐུ་ ༣ པའི་ནང་ ཆ་མཉམ་གྱིས་གྲལ་གཏོགས། ཟེར་བའི་བརྗོད་དོན་ཐོག་ལུ་ བརྩི་སྲུང་ཞུཝ་ཨིན།

 

སྤྱི་ལོ་ ༢༠༡༨ ལུ་ འབྲུག་གི་ཚོགས་རྒྱན་སྐྱུར་མི་ཚུ་གིས་ སྤྱི་ཚོགས་༣ པའི་བཙག་འཐུ་ ནང་ གྲལ་གཏོགས་འབད་མི་དང་འབྲེལ་ཏེ་ འབྲུག་ལུ་ དམང་གཙོའི་རིང་ལུགས་གཞི་བཙུགས་འབད་དེ་ མི་ལོ་ ༡༠ འཁོར་མི་དང་ རྒྱལ་ཡོངས་རྩ་ཁྲིམས་ཆེན་མོ་དབུ་བརྙེས་པའི་ མི་ལོ་ ༡༠ འཁོར་བའི་དུས་སྟོན་ ཡང་ འཛོམས་ནི་ཨིན་པས།

 

དེ་མ་ཚད་ སྤྱི་ལོ་ ༢༠༡༨ ཀྱི་ལོ་འདི་ དེ་བསྒང་སྤྱི་ལོ་ ༢༠༠༣ ལུ་གཡིབ་དམག་ཚུ་ལས་བརྟེན་ རྒྱལ་ཁབ་ཀྱི་རང་དབང་ལུ་ ཉེན་འཚུབ་བྱུང་པའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་སྲས་ཚུ་གི་ དབུ་ཁྲིད་བཟང་པོའི་ཐོག་ལས་ རྒྱ་གར་གྱི་གཡིབ་དམག་ཚུ་ རྒྱལ་ཁབ་ནང་ལས་བཏོན་བཏང་སྟེ་ རྒྱལ་ཁབ་ཀྱི་རང་བཙན་རྩ་བརྟན་བཟོ་གནང་སྟེ་ མི་ལོ་ ༡༥ འཁོར་བའི་ དུས་དྲན་གྱི་བཀའ་དྲིན་གུས་བཏུད་ཞུ་ནིའི་གོ་སྐབས་ཁྱད་པར་ཅན་ཅིག་ཡང་ཨིན།

 

དེ་བཟུམ་མའི་ འདས་པའི་ལོ་ངོ་ཚུ་གི་དམིགས་གསལ་གྱི་གྲུབ་འབྲས་ཚུ་དང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་གནང་མི་འདི་ ང་བཅས་ར་འབྲུག་མི་ཚུ་ འབྲུག་གི་རྒྱལ་རབ་ནང་ ཚུད་རུང་བའི་གྲུབ་འབྲས་ཅིག་ཡང་བསྐྱར་འབྱུང་ཐབས་ལུ་ བཅའ་མར་གཏོགས་ནིའི་ བློ་སྟོབས་དང་སེམས་ཤུགས་བསྐྱེད་པའི་ཡུལ་ངོ་མ་ཅིག་ཨིན་མས།

 

དེ༌འབདཝ༌ལས༌ སྤྱི་ལོ་ ༢༠༡༨ ལུ་ འབྲུག་གི་ཚོགས་རྒྱན་སྐྱུར་མི་རེ་རེ་བཞིན་གྱིས་ རང་སོའི་ཁེ་དབང་སྤྱོད་ནི་རྐྱངམ་ཅིག་གི་དོན་ལུ་མེན་པར་ སེམས་ཀྱི་གདིང་ལས་ ཚོར་སྣང་གི་ཐོག་ལས་ རང་གི་དམ་ཚིག་གཙང་བའི་ རང་བཞིན་གྱི་འགན་འཁུར་གྲུབ་ཐབས་ལུ་ གྲལ་གཏོགས་མཛད་གནང་བའི་ཞུ་བ་ཕུལཝ་ཨིན།

 

ཐོ་བཀོད་གསརཔ་གྲུབ་སྟེ་ ད་རི་ ཚོགས་རྒྱན་ངོས་འཛིན་འདྲ་པར་ཐོབ་ཞིནམ་ལས་ སྤྱི་ལོ་ ༢༠༡༨ ཀྱི་སྤྱི་ཚོགས་ཀྱི་བཙག་འཐུའི་ནང་ འགོ་ཐོག་བཅའ་མར་གཏོགས་ནི་ཨིན་མི་ ན་གཞོན་ཚུ་ལུ་ བཀྲ་ཤིས་བདེ་ལེགས་ཡོད་ཟེར་སླབ་ནི་དང་ ད་ལས་ཕར་ བཙག་འཐུའི་རིམ་པ་ནང་ ག་འདེ་དྲག་དྲ་ བཅའ་མར་གཏོགས་ཏེ་ འགན་འཁྲི་ཅན་གྱི་ འབྲུག་པའི་མི་ཁུངས་ཨིན་པའི་གྲུབ་བྱེད་ བཏོན་གནང་ཟེར་ འབྲུག་པའི་ན་གཞོན་ཚུ་ལུ་ ཡང་བསྐྱར་གྱི་ དྲན་ཚོར་འབདཝ་ཨིན།

 

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༡༨ ཀྱི་སྤྱི་ཚོགས་ཀྱི་བཙག་འཐུའི་དོན་ལུ་ སྒྲ་སྒྲིག་གི་ལས་སྣ་ཚུ་ འགོ་བཙུགས་ཚར་ཏེ་ཡོད། དེ་ཚུ་གི་གྲལ་ལས་ རྫོང་ཁག་ ༢༠ འི་ནང་ལུ་ཡོད་པའི་ རྫོང་ཁག་བཙག་འཐུའི་ཡིག་ཚང་ཚུ་གིས་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ཡར་སེང་འབད་ནིའི་དོན་ལུ་ རང་སོའི་རྫོང་ཁག་གི་ དམིགས་བསལ་གྱི་འཆར་གཞི་བཟོ་སྟེ་ཡོད། དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་ནང་ གྲལ་གཏོགས་འབད་ནིའི་བློ་འདོད་ཡོད་མི་མི་ངོམ་ཚུ་ བཙག་འཐུའི་ནང་བཅའ་མར་གཏོགས་ནི་ལུ་ སྒྲ་སྒྲིག་འབད་བཅུག་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འཕྲལ་མགྱོགས་ར་ གྲོས་འཛོམས་འགོ་འདྲེན་འཐབ་ནི་ཨིན།

 

ང་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ འབྲུག་གི་ཚོགས་རྒྱན་སྐྱུར་མི་ཡོངས་དང་ འདེམས་ངོ་ སྲིད་དོན་ཚོགས་པ་ཚུ་ལུ་ དམང་གཙོའི་རིང་ལུགས་ནང་གྲལ་གཏོགས་འབད་མི་དང་ རྒྱལ་ཁབ་ལུ་ཕྱག་ཕྱིད་ཞུ་བ་གིས་མ་ཚད་པར་ ང་བཅས་ཀྱིས་ མི་དབང་མངའ་བདག་ཡབ་མེས་ཚུ་གི་ ཐུགས་ཀྱི་དགོངས་འཆར་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་ནུས་སྟོབས་ཅན་གྱི་དམང་གཙོའི་རིང་ལུགས་གཞི་བཙུགས་འབད་ནིའི་དོན་ལུ་ ཕྱག་ཕྱིད་ཞུ་བའི་སྐབས་ལུ་ བློ་གཏད་དང་ཡིད་ཆེས་ཀྱི་སྒོ་ལས་ རྒྱབ་སྐྱོར་འབད་མི་འདི་ལུ་ བསམ་བརྗོད་ལས་འདས་པའི་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཞུ་ནི་དང་ སྤྱི་ལོ་ ༢༠༡༨ ཀྱི་ སྤྱི་ཚོགས་ཀྱི་བཙག་འཐུ་ ༣ པ་འདི་ ཞི་བདེའི་ངང་ལས་ རང་མོས་དང་ རྣམ་དག་ཐོག་འགོ་འདྲེན་འཐབ་ཚུགས་པའི་རེ་སྨོན་ཡོད།།

 

བཀྲ་ཤིས་བདེ་ལེགས།

Print Friendly, PDF & Email