Home > གནས་ཚུལ་གསར་སྟོན། > ས་གནས་གཞུང་གི་བཙག་འཐུ་༢༠༡༦།

ས་གནས་གཞུང་གི་བཙག་འཐུ་༢༠༡༦།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་མི་ཡོངས་ལུ་བརྡ་དོན་ཞུ་དོན་འདི་ཡང་ རྒྱལ་རབས་ཅན་གྱི་ས་གནས་ཞུང་གི་བཙག་འཐུ་ཐེངས་གཉིས་པ་༢༠༡༦ འདི་ སྤྱི་ཚེས་༢༥༢༠༡༦ ལུ་ ཁྲོམ་སྡེ་གསུམ་གྱི་གོ་རིམ་དང་པའི་ཚོགས་རྒྱན་ཉིནམོ་དང་ སྤྱི་ཚེས་༢༧༡༠༢༠༡༦ ལུ་ གོ་རིམ་གཉིས་པའི་ནང་ (རྫོང་ཁག་ཁྲོམ་སྡེ་༢༠ རྒེད་འོག་༢༠༥ དེ་ལས་ ཁྲོམ་སྡེ་ཚོགས་སྡེ་༡ ) དེ་ལས་ སྤྱི་ཚེས་༢༡༢༠༡༦ ལུ་ འདེམས་ཁོངས་༡༤ ནང་ ཚོགས་རྒྱན་བསྐྱར་ལོག་འགོ་འདྲེན་འཐབ་ཡོད་པའི་སྙན་ཞུ་ཕུལཝ་ཨིན།

ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པ་༢༠༡༦ འདི་གི་སྤྱིར་བཏང་བཙག་འཐུ་གྲུབ་པའི་འདེམས་ངོཚུ།

ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་ གོ་རིམ་དང་པ་དང་གཉིས་པ་༢༠༡༦ འདི་གི་བཙག་འཐུ་འདི་  རྒཔོ་ དམངས་མི་ རྒེད་འོག་༢༠༥ གི་རྒེད་འོག་ཚོགས་སྡེ་ཚོགས་པ་ དེ་ལས་ ཐིམ་ཕུག་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་གི་རྫོང་ཁག་༤ གི་ཁྲོམ་དཔོན་དང་ཁྲོམ་སྡེ་ཚོགས་པ་ དེ་ལས་ རྫོང་ཁག་ཁྲོམ་སྡེ་༡༦ གི་ཁྲོམ་སྡེ་ངོ་ཚབ་ཀྱི་གོ་གནས་ཚུ་རྩིས་ཏེ་  གོ་གནས་བསྡོམས་༡༤༩༩ བཙག་འཐུ་འབད་དེ་ཡོད།

སྤྱི་ལོ་༢༠༡༦ ཟླ་༡ པའི་ནང་འགོ་འདྲེན་འཐབ་པའི་ཁྲོམ་སྡེ་གསུམ་གྱི་འདེམས་ངོ་༢༦ ཚུ་མ་རྩིས་བར་ གོ་གནས་སྣ་ཁག་གི་དོན་ལུ་ འདེམས་ངོ་ཡོངས་བསྡོམས་༣༣༩༡ གིས་ བཙག་འཐུའི་དོ་འགྲན་འབད་ཡོད་དེ་ཡོད། ས་གནས་གཞུང་གི་ཡིག་ཚང་སྣ་ཁག་ཚུ་ནང་ འདེམས་ངོ་བསྡོམས་༡༤༣༩ བཙག་འཐུ་གྲུབ་སྟེ་ཡོད།

ཨམ་སྲུ་༡༦༤ དང་ ཕོ་རྒས་༡༢༧ རྩིས་ཏེ་ འདེམས་ངོ་༡༤༣༩ ཚུ་ ས་གནས་གཞུང་གི་འགོ་ཁྲིདཔ་སྦེ་ བཙག་འཐུ་གྲུབ་ཡོད་མི་ཚུ་གི་ཁ་གསལ་འདི་ གཤམ་གསལ་ལྟར་ཨིན་མི་ཚུ་ཡང་

  • རྒཔོ་༢༠༥ ལས་ ཨམ་སྲུ་༢ དང་ ཕོ་རྒས་༢༠༣ །
  • དམངས་མི་༢༠༥ ལས་ ཨམ་སྲུ་༢༤ དང་ ཕོ་རྒས་༡༨༡།
  • རྒེད་འོག་ཚོགས་སྡེ་ཚོགས་པ་༩༩༣ ལས་ ཨམ་སྲུ་༡༢༩ དང་ ཕོ་རྒས་༨༦༤།
  • ཁྲོམ་དཔོན་༤ ཕོ་རྒས།
  • ཁྲོམ་སྡེ་ཚོགས་སྡེ་ཚོགས་པ་༢༠ ལས་ ཨམ་སྲུ་༧ དང་ ཕོ་རྒས་༡༣ །
  • ཁྲོམ་སྡེ་ངོ་ཚབ་༡༢ ལས་ ཨམ་སྲུ་༢ དང་ ཕོ་རྒས་༡༠ །

  

འདེམས་ཁོངས་ས་སྟོང་།

འདེམས་ཁོངས་བསྡོམས་༦༠ (སྤྱི་འོག་༣༩ ཁྲོམ་སྡེ་ངོ་ཚབ་ ཁྲོམ་སྡེ་ཚོགས་པ་ དེ་ལས་ མི་དགོ་གི་ཚོགས་རྒྱན་གྲུབ་འབྲས་འཐོན་མི་༡༤) ཡོད་མི་ཚུ་ནང་ ས་སྟོང་ལུས་ཏེ་ཡོདཔ་ལས་ འོས་འབབ་ཅན་གྱི་དུས་ཚོད་ཅིག་ནང་ ཚོགས་རྒྱན་འདི་ འགོ་འདྲེན་འཐབ་ནི་ཨིན།

ཚོགས་རྒྱན་སྐྱུར་བར་འོང་མི།

སྤྱི་ཚེས་༢༧༠༩༢༠༡༦ ལུ་ རྒེད་འོག་ཚོགས་སྡེ་ཚོགས་པ་ ༢༠༥ རྫོང་ཁག་༡༦ གི་ཁྲོམ་སྡེ་ངོ་ཚབ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚུ་གི་ཚོགས་རྒྱན་སྐྱུར་བའི་སྐབས་ ཚོགས་རྒྱན་སྐྱུར་བར་འོང་མི་འདི་ བརྒྱ་ཆ་༥༥.% ཨིན་མས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུགས་ལས་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ་དང་ ལྷག་བསམ་རྣམ་དག་དང་ དང་འདོད་སྦོམ་བསྐྱེད་དེ་ འཚེར་སྣང་མེད་པར་ སྤྱི་ལྕོགས་གང་ལྕོགས་ཀྱི་ཕྱག་ཕྱིད་ཞུ་ཡོད་པའི་བཙག་འཐུའི་འགོ་དཔོན་ཚུ་ བདེ་སྲུང་ལས་བྱེདཔ་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ ག་ནི་བ་བཀྲིན་དགའ་ཚོར་ཡོདཔ་མ་ཚད་ བཙག་འཐུ་ལྷན་ཚོགས་ལུ་ བྱ་སྒོ་འཐབ་ནི་དོན་ལས་ འབྲེལ་ཡོད་ཚུ་གིས་ གྲོགས་རམ་གང་དྲག་མཛད་ཡོད་མི་ཚུ་ལུ་ཡང་དགའ་ཚོར་ཡོད།

འདི་གི་ནང་ལས་ཡང་ རྒྱལ་རབས་ཅན་གྱི་ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པ་༢༠༡༦ འདི་ མཐར་འཁྱོལ་ཅན་འགྱུར་ནི་ལུ་ བརྒྱ་ཆེ་བའི་ཐུགས་སྨོན་གནང་མི་ བཀྲིན་ཅན་གྱི་བདག་ཉིད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ ཐུགས་ཀྱི་མཁྱེན་རབས་ཡངས་པའི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དེ་ལས་སྨན་ལྗོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ ཆོས་སྡེ་ཁག་ཚུ་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུགས་ལས་ སྒོ་གསུམ་གཡོ་བ་མེད་པའི་ཐོག་ལས་ གུས་བཏུད་ཀྱི་དགའ་ཚོར་ཕུལཝ་ཨིན། 

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email